top of page
Search

འགན་འཛིན་གཞོན་པའི་ཤེས་ཡོན་རྟོག་ཞིབ།


དེ་རིང་སྔ་དྲོ་ཆུ་ཚོད་ ༨།༤༠ ཐོག་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་གཞོན་པ་བསྟན་འཛིན་རྡོ་རྗེ་མཆོག་འདི་སློབ་ལ་ཤེས་ཡོན་རྟོག་ཞིབ་ཏུ་ཆེད་ཕེབས་ཀྱིས་སྔ་དྲོའི་ལས་རིམ་ཁག་ལ་གསན་གཟིགས་གནང་བ་དང་། སློབ་ཕྲུག་ཚོར་བོད་ཀྱི་སྐད་དང་རིག་གཞུང་ནི་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པ་དང་། གང་བློ་མ་འདོན་པའི་སྐབས་སུ། བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ། །ཞེས་སྐྱོར་གྱི་ཡོད་པ་བཞིན་འཛིན་གྲྭ་ལ་བསྐྱོད་ནས་སློབ་སྦྱོང་ལ་དོ་སྣང་བྱེད་དགོས་པ། རིགས་ལམ་སྦྱོང་གི་ཡོད་པ་བཞིན་རིག་པས་དཔྱད་ནས་གནས་ལུགས་ཤེས་ཐབས་བྱེད་དགོས་པ། དཔེ་ཀློག་ལ་དགའ་བའི་མི་ཞིག་ཆགས་དགོས་པ་སོགས་གལ་གནད་ཅན་གྱི་བཀའ་སློབ་གནང་། དེའི་རྗེས་འཛིན་གྲྭར་ཕེབས་ནས་སློབ་འཁྲིད་གནང་ཕྱོགས་ལ་གཟིགས་ཞིབ་གནང་བར་མ་ཟད། སྡེ་ཚན་ཁག་ཏུ་ཡང་གཟིགས་ཞིབ་ཏུ་ཕེབས། མཇུག་མཐར་དགེ་ལས་ཚོར། སཾ་བྷོ་ཊ་བོད་སློབ་ཚོགས་པའི་བྱུང་རིམ་དང་། སློབ་གྲྭ་བཙུགས་པའི་དམིགས་ཡུལ་ངོ་སྤྲོད་གནང་ཞིང་། ཚོགས་པ་དང་སློབ་གྲྭའི་གལ་ཆེའི་རང་བཞིན་མཁྱེན་པའི་ཐོག་ནས་མ་བསྐུལ་དྭང་བླངས་ཀྱིས་ཕྱག་ལས་གནང་དགོས་པ་དང་། འཛིན་ཁང་དུ་གཟིགས་ཞིབ་ལ་ཕེབས་སྐབས་གཟིགས་ཚུལ་ཇི་བྱུང་སོགས་ཀྱི་གནད་འགག་ཆེ་བའི་བཀའ་སློབ་གནང་བར་མ་ཟད། དགེ་རྒན་རྣམ་པའི་དགོངས་ཚུལ་དང་རེ་འདུན་དག་ལ་ཐུགས་སྣང་ཆེན་པོས་གསན་བཞེས་གནང་།



 
 
 

Comments


bottom of page